༄༅། །རབ་གནས་ཀྱི་བཤད་པ་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པར་གྲགས་པ་བཞུགས་སོ།། [001] །མཚར་སྡུག་དུར་སྨྲིག་གསར་བའི་ལང་ཚོ་ཉི་མ་བུམ་ལས་གསལ་པའི་སྐུ། །དྲུག་ཅུའི་སྒྲ་དབྱངས་སྙན་པའི་ཆོས་ཀུན་ཐོགས་མེད་འཆད་ལ་ཟླ་བྲལ་གསུང། །ཆ་ཤས་ རི་ཡིས་འགྲོ་འདིའི་ཁམས་དང་བསམ་པ་ཇི་བཞིན་གཟིགས་པའི་ཐུགས། །ཙོང་ཁ་པ་ཞེས་སྙན་པའི་གྲགས་པ་སྲིད་འདིར་ཆེས་ཆེར་སྒྲོགས་ལ་འདུད། །གང་གིས་བསྟན་པ་རིན་ཆེན་མཁས་མང་ སྐལ་ལྡན་གཞོན་ནུའི་དགའ་སྟོན་ལ། །འགྱེད་མཁས་གྲུབ་བའི་གོས་འཕང་མཐོར་གཤེགས་བློ་བཟང་རྒྱལ་བའི་ཤིང་རྟ་ཆེ། །རྒྱུད་སྡེའི་ངེས་གསང་ཇི་བཞིན་མཁྱེན་པའི་ཡེ་ཤེས་རབ་དང་ཕུལ་གྱུར་པ།། ཁྱོད་ལས་གཞན་མིན་ནི་ཡི་སེང་གེར་གུས་པས་ཕྱག་བགྱིད་དོ། །དེ་ལྟར་འཇམ་མགོན་རྒྱལ་བའི་བསྟན་བསྡེར་བཅས་གཉེར་གཏད་སྲུང་མའི་ཚོགས། །བླ་མགོན་དབྱེར་མེད་ཕྱག་དྲུག་མགོན་དང་ཡུམ་ [002A]༄༅། །ཆེན་དང་བཅས་གནོད་སྦྱིན་བཞི། །ཕྱི་ནང་གསང་བའི་གཤིན་རྗེ་ལ་སོགས་བཀའ་ཉན་ལས་བྱེད་ཚོགས་བཅས་པར། །འདུད་ངོ་རྣམ་བཞིའི་འཕྲིན་ལས་བསྒྲུབ་ལ་ཉིན་མཚན་ གཡེལ་མེད་བྱར་མཛོད། །དེ་ལྟར་ཤིས་པ་བརྗོད་པ་དང་འཕྲིན་ལས་བཅོལ་པའི་སྙན་ཚིག་གིས་སྡུན་བསུས་ཏེ་སྐབས་ལ་འཇུག་པ་ནི། སྟོན་པ་མཉམ་མང་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་བྱ་དཀའ་བ་འབུམ་ ཕྲག་གིས་ཉེ་བར་བསྐྲུན་པའི་སྐུ་གསུམ་གྱི་གོ་འཕང་མངོན་དུ་མཛད་དེ་གདུལ་བྱ་རྣམས་ཉིད་ཀྱིས་བརྙེས་པའི་གཏན་བདེའི་ལམ་མཆོག་དེ་ཉིད་ལ་འགོད་པའི་ཕྱིར་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་བ་གྲངས་ ལས་འདས་པ་བསྟན་པ་རྣམས་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་ནི། ཆེད་དུ་བརྗོད་པའི་ཚོམས་ལས། སྲིད་པའི་ཟུག་རྡུ་གཅོད་མཛད་པའི། །ལམ་ནི་ཁྱོད་ལ་ངས་བསྟན་བྱ། །ཁྱེད་ཉིད་ཀྱིས་ནི་བསྒྲུབ་བྱ་ [002B] ༑དེ་བཞིན་གཤེགས་པ་སྟོན་མཛད་དེ། །ཞེས་དང། དེའི་འགྲེལ་པར། ཐུབ་རྣམས་སྡིག་པ་ཆུ་ཡིས་འཁྲུ་བར་མི་མཛད་ལ། །འགྲོ་བའི་སྡུག་བསྔལ་ཕྱག་གིས་ཀྱང་ནི་སེལ་བར་མི་མཛད་པར། །ཉིད་ཀྱི་རྟོག་པ་གཞན་ལ་སྦོ་བར་མཛད་པ་མིན། །ཆོས་ ཉིད་ཞི་བ་བསྟན་པས་གྲོལ་བར་མཛད་པ་ཡིན། །ཞེས་དང། རྗེ་བླ་མས་ཀྱང། །མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་ཞེས་གསུངས་པ་ལྟར། ཞལ་གྱི་བདུད་རྩི་ཇི་སྙེད་ཅིག་བཀའ་བསྩལ་པ་རྣམས་ཡིན་ཅིང། དེ་ལྟར་བཀའ་བྶྕལ་བ་ལ་ ཡང༑ དཀོན་མཆོག་ཏཱ་ལ་སོགས་མདོ་དང། ལྷ་མོ་བཞིས་ཞུས་སོགས་རྒྱུད་དང། རིམ་ལྔ། སྒྲོན་གསལ་སོགས་བསྟན་བཅོས་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་ཐམས་ཅད་བསྡུན་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་སུ་འདུ་ཞིང། ཐེག་པ་ ཆེན་པོ་ལ་ཡང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་དང། འབྲས་བུའི་ཐེག་པ་ལ་ཡང་བཞི་ཡོད་པས། རབ་གནས་ཀྱི་རྒྱུད་འདི་རྒྱུད་སྡེ་འོག་མར་གཏོགས་ཤིང། དེའི་དོན་བཞིན་རབ་གནས་བྱེད་པ་ལ་གང་ལ་བྱ་བའི་གཞི། རབ་གནས་བྱས་མ་བྱས་ཀྱི་ཕན་ཡོན་དང་ཉེས་ དམིགས། རབ་གནས་བྱེད་པ་པོའི་རྟེན་གྱི་གང་ཟག་གནས་སྐབས་གང་ལ་བྱེད་པའི་དུས་ཀྱི་ཁྱད་པར། ཡུལ་གང་ནས་བྱེད་པའི་གནས་ཀྱི་ཁྱད་པར། ཚུལ་ཇི་ལྟར་བྱ་བའི་ཚེ་གའི་ཁྱད་པར་དང། ཆོག་ལ་ཡང་སྦྱོར་དངོས་རྗེས་གསུམ་སོགས་སྤྲོས་ནས་ འདའ་སྦྲད་ན་མཁས་པ་བློ་གྲོས་ཀྱི་མཐུ་དང་ལྡན་པ་རྣམས་ལ་དོན་དུ་མི་འགྱུར་བ་མ་ཡིན་ཀྱང། ལུང་འདྲེན་སོགས་ཀྱི་སྦྲོས་པ་དོར་ནས་གོ་བདེ་འཚམ་པ་རེ་བཇོད་པ་ནི་ཆོས་ཀྱིའང་རྩ་བར་འདུག་པས་དེ་ལྟར་བརྗོད་པར་བྱའོ། །འོ་ལགས་སོ་སྟོན་པ་ཡང་དག་བར་ [003A]༄༅། །རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས་གཞན་ཕལ་མོ་ཆེའི་སྙིང་ཐག་པ་ནས་རྗེས་སུ་ཡི་རང་བཙམ་ཡང་བྱ་དཀའ་བའི་གནས་བདག་གཞན་མཉམ་བརྗེས་བྱང་ཆུབ་ཀྱི་སེམས་གཉིས་དང་རྒྱལ་སྲས་ཀྱི་སྤྱོད་བརླབས་ཆེ་བ་རྣམས་ལ་ བསྐལ་པ་དུ་མར་གོམས་པ་ལས་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་མཛད་དེ་གདུལ་བྱ་རྣམས་རང་རང་གི་སྐལ་བ་དད་འཚམ་པར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པའི་ཐབས་ཇི་སྙེད་ཅིག་བཀའ་བསྩལ་པ་ རྣམས་ལས། ད་ལམ་འདིར་ནི། རབ་གནས་ཀྱི་རྒྱུད་དུ། སྐྱེ་བོ་རབ་ཏུ་དད་པ་ཡིས། །བརྗོད་པའི་དགེ་བ་སྤེལ་བའི་ཕྱིར། །སོགས་དང། སྡོམ་འབྱུང་ལས་ཀྱང། སློབ་མ་དད་པས་གསོལ་འདེབས་པའི། །བསོད་ནམས་ཕྱིར་ནི་བྱ་བ་ཡིན།། ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། སྦྱིན་པའི་བདག་པོ་རྣམས་ཀྱི་བསོད་ནམས་གོང་ནས་གོང་དུ་འཕེལ་བའི་ཕྱིར་རབ་ཏུ་གནས་པ་བྱ་བའི་སྐབས་ཡིན་ཅིང། དེ་ལྟར་རབ་གནས་བྱེད་པ་ལ་ཡང་གཞི་གང་ལ་བྱེད་པ་སོགས་དུ་མ་ཡོད་པ་ལས། དང་པོ་སངས་ རྒྱས་བྱང་སེམས་ཀྱི་སྐུ་གསུང་ཐུགས་རྟེན། དགེ་འདུན་ཀྱི་ཀུན་རྭ་གཙུག་ལག་ཁང། ཕྱག་མཚན། རྒྱན་དྲུག་བགྲང་འཕྲེང། སྐྱེ་བོའི་ཁང་བཟང། གདུགས་རྒྱལ་མཚན། མཚེ་འུ། རྫིང། ཁྲོན་པ། སྐྱེད་མོའི་ཚལ་སོགས་དུ་མ་ཡོད་ པ་ལས་འདིར་སྐུ་གསུང་ཐུགས་རྟེན་དང་གཙུག་ལག་ཁང་བཅས་ཡིན་ལ། དེ་ལྟ་བུའི་རྟེན་གཙུག་ལག་ཁང་དང་བཅས་པ་བཞེངས་བས་བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་འགྱུར་བ་ཡང། ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་སྟོན་པའི་མདོ་ལས། དེ་ [003B] དྲི་གཙང་ཁང་དང། གཙུག་ལག་ཁང་བརྩིགས་ན་མ་འོངས་པ་ན་གདོན་མི་ཟ་བར་རྒྱལ་པོ་བྱེད་ཅིང་སྐྱེ་བོ་མང་པོ་ལ་དབང་བྱེད་པར་འགྱུར་བས་གང་ཡང་དག་མི་ཉན་པ་མེད་པར་འགྱུར་རོ། །ཞེས་སོགས་དང་ སྤྱན་རས་གཟིགས་ཀྱི་མདོ་ལས། འཇིག་རྟེན་མགོན་པོ་སྐྱོབས་པ་ལ། །ཕྲེང་བའི་ཁང་པ་བྱས་ན་ནི། །དེ་ནི་གཡོག་འཁོར་མི་ཕྱེད་ཅིང། །རྒྱལ་པོ་འབྱོར་པ་ཆེན་པོར་འགྱུར། ཞེས་དང། དྲན་པ་ཉེར་བཞག་ལས་ཀྱང། རྟེན་དང་བརྟེན་ པར་ལེགས་བསྐྲུན་དང། །དགེ་འདུན་གནས་མ་ལ་བཅའ་བ་སོགས། །དགེ་ནས་དགེ་བར་རྟག་ཏུ་འགྱུར། །བསྐལ་བ་བྱེ་བ་སྟོང་དུ་ཡང། །དགེ་བ་ཡོངས་སུ་ཆུད་མི་ཟ། །ཞེས་དང། གསལ་རྒྱལ་ལ་གདམས་པའི་མདོ་ལས། མི་རྣམས་གང་ དག་རྒྱལ་བའི་གཙང་ཁང་བྱེད། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །ལྷ་ཁང་གནས་འདྲའི་ཁང་ཁྱིམ་འོད་འབར་པ། །དུས་ཚིགས་ཀུན་ཏུ་བདེ་ལྡན་ཐོབ་པར་འགྱུར། །ཐ་མར་ཞི་བའི་གོ་འཕང་ཐོབ་པར་འགྱུར། །ཞེས་གསུངས་པ་སོགས་ མཐའ་ཀླས་ཤིང། ཁྱད་པར་རྫས་ལས་བྱུང་བའི་བསོད་ནམས་བདུན་འདུ་བྱས་ཀྱི་དགེ་རྩའི་མཐར་ཐུག་ཏུ་གསུངས་ཏེ། མདོ་ལས། རྫས་ལས་བྱུང་བའི་བསོད་ནམས་བདུན་དང། མ་བྱུང་བའི་བསོད་ནམས་བདུན་དང་ལྡན་པའི་རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་འདུག་ཀྱང་རུང། རྒྱུ་ཡང་རུང། གཉིད་ལོག་ཀྱང་རུང། གཉིད་མ་ལོག་ཀྱང་རུང། རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་རྣམ་པར་འཕེལ་བར་འགྱུར་རོ་ཞེས་གསུངས་ཤིང། རྫས་ལས་བྱུང་བའི་བསོད་ནམས་བདུན་ཡང་ [004A]༄༅། །ཀུན་དགའ་རབ་གཙུག་ལག་ཁང། །མལ་སྟན་འཚོ་བ་ནར་མ་དང། །གློ་བུར་ནད་པ་ནད་གཡོག་དང། །ཡུལ་ངན་དུས་སུ་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཞེས་པ་ལྟར་ཡིན། ཕན་ཡོན་དེ་ ལྟར་གྱི་གཙུག་ལག་ཁང་རབ་ཏུ་གནས་པ་བསྒྲུབ་པ་ལ་ཡང་རབ་གནས་ཀྱི་ངེས་ཚིགས། བྱེད་པ་པོའི་རྟེན། དུས། གནས། ཆོ་གའི་ཁྱད་པར་རྣམས་ལས། དང་པོ་ངེས་ཚིགས་དམ་ཚིག་པ་ལ་ཡེ་ཤེས་པ་རབ་ཏུ་འམ་ལྷག་པར་གནས་པར་ བྱེད་པས་ན་རབ་གནས་ཞེས་པའམ་དམ་ཚིག་པ་སོ་སོ་ལ་ཡེ་ཤེས་པ་སོ་སོ་གནས་པར་བྱེད་པས་ན་རབ་གནས་ཞེས་བརྗོད་པ་སོགས་རྣམ་གྲངས་མང། བྱེད་པ་པོའི་རྟེན་ནི་རབ་གནས་ཀྱི་རྒྱུད་ལས། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང། །མཚན་ ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོག་ཤེས། །ལས་རྣམས་ཀུན་ལ་མཁས་པའོ། །ཞེས་དང། སློབ་དཔོན་ཀུན་སྙིང་གིས་ཀྱང། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་ སྦྱོར་བ་ཤེས། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་པ། །འདི་ནི་སློབ་དཔོན་ཡིན་ཞེས་བྱ། །ཞེས་གསུངས་ཤིང། དེ་ཉིད་བཅུ་ལ་ཡང་ཕྱིའི་དེ་ཉིད་བཅུ་དང། གསང་པའི་དེ་ཉིད་བཅུ་སྟེ་གཉིས་ཡོད་པས། རྒྱུད་སྡེ་འོག་ མའི་དབང་བསྐུར་རབ་གནས་སོགས་བྱེད་པ་ལ་ཕྱིའི་དེ་ཉིད་བཅུ་དང། བླ་མེད་ཀྱི་དབང་བསྐུར་རབ་གནས་བྱེད་པ་ལ་གསང་བའི་དེ་ཉིད་བཅུ་ཤེས་པ་དགོས། དེ་ལྟ་བུའི་རྡོ་རྗེ་སློབ་དཔོན་ལ་ཡང། བདེ་མཆོག་སྟོད་འགྲེལ་ལས། ཁྱིམ་གནས་དགེ་ཚུལ་དགེ་ [004B] །དམན་པ་འབྲིང་དང་མཆོག་ཡིན་ནོ། །ཞེས་དང། དྲི་མེད་འོད་ལས་ཀྱང། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང། །དགེ་ཚུལ་ཞེས་བྱ་དེ་དག་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་གསུངས་པ་ལྟར། དགེ་སློང་རྡོ་རྗེ་འཛིན་པ་མཆོག་ དགེ་ཚུལ་རྡོ་རྗེ་འཛིན་པ་འབྲིང། ཁྱིམ་པ་རྡོ་རྗེ་འཛིན་པ་ཐ་མར་གསུངས་པས་ན་རྟེན་སོགས་ཀྱི་སྒོ་ནས་འགྲུབ་རུང་ཙམ་ཡོད་ལ། དགེ་འདུན་ཡང། གོང་ནས་གོང་གི་སྔོམ་པ་ནི། །བུ་ཁྱོད་ཀྱིས་ནི་བསྲུང་བྱ་སྟེ། །ཞིས་གསུངས་པ་ལྟར། སོ་ཐར་ལས་ གོང་མ་བྱང་སེམས་དང། དེའི་གོང་མ་གསང་སྔགས་ཀྱི་སྡོམ་པ་སྟེ་གསུམ་ལྡན་རྡོ་རྗེ་འཛིན་པ་ཡིན་པས་རྟེན་གྱི་མཚན་ཉིད་ཚང། དུས་ཀྱང། སྤྱི་རྒྱུད་ལས། དཔྱིད་ཟླ་རབ་འམ་དཔྱིད་ཟླ་འབྲིང། །དགུན་དང་དཔྱིད་ཀྱི་ཐ་ཆུང་ངམ། །དབྱར་ར་དེ་བཞིན་ དབྱར་འབྲིང་པོ། །ཉི་མ་བྱང་དུ་གནས་པ་ཡིས། །ཞེས་དང། རབ་གནས་རུང་བའི་གཟའ་ཡང། དེ་ཉིད་ལས། ཕུར་བུ་གཟའ་ལྷག་པ་པ་སངས། །ཟླ་བའི་གཟའ་རྣམས་ཤེས་བྱས་ཏེ། །འདི་རྣམས་ལས་བྱས་བཟང་ལྡན་ཏེ། །རབ་ཏུ་གནས་པ་མཆོག་ ཏུ་ཤིས། །ཞེས་དང། སྐར་མ་གང་ལ་རུང་བ་ཡང། ཐམས་ཅད་དུ་ནི་ཆུ་སྟོད་དང། །སྣར་མགྲོ་ཞུན་དེ་བཞིན་དབོ། །ལག་པ་སྣྲུབ་དང་སྣྲོན་དང་ནི། །རྒྱལ་དང་ཆུ་སྨད་དེ་བཞིན་ནོ། །ཁྲུམ་སྨད་དག་ཀྱང་དེ་བཞིན་ཏུ། །རྒྱུ་སྐར་འདི་རྣམས་ཐམས་ཅད་ དུ༑ ༑སྐྱེ་དགུ་འཕེལ་ཞིང་དེ་ཡིས་ནི། །རབ་ཏུ་གནས་པ་མཆོག་ཏུ་བྱེད། །ཅེས་སྤྱིར་བཏང་ཉི་མ་བྱང་བགྲོད་ཀྱི་ཡར་ངོའི་དུས་དང། གཟའ་ཡང་ཞི་གཟའ་དང། སྐར་མ་ཡང་གོང་བཞིན་གསུངས་ཀྱང། དམིགས་གསལ་གྱི་དབང་དུ་བྱས་ན། རྒྱུད་ [005A]༄༅། །དེ་ཉིད་ལས། གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་དང། གུར་ལས་ཀྱང། རྟག་ཏུ་དཀྱིལ་འཁོར་འབྲི་པར་བྱ། །རྟག་ཏུ་སངས་རྒྱས་རབ་གནས་བྱ། །ཟིན་པའི་དེ་མ་ཐག་པ་རུ། །རབ་ ཏུ་གནས་པ་མཆོག་ཏུ་འགྱུར། །ཞེས་དང། དེ་བཞིན་གཤེགས་པའི་རྡོ་རྗེའི་བདེ་མཆོག་དཀྱིལ་ཆོག་ལས་ཀྱང། རབ་གནས་དུས་ནི་ཐམས་ཅད་དུ། །སངས་རྒྱས་བཞུགས་སུ་འཇུག་པར་བཞེད། །ཅེས་གསུངས་པ་ལྟར་ལས། ད་ལམ་གཟའ་སྐར་ གྱི་འཕྲོད་སྦྱོར་ཕུན་སུམ་ཚོགས་པ་ཆེ་གེའི་དུས་ཡིན། གནས་ཀྱང། དབང་མདོར་བསྟན་ལས། །ང་ནས་སྐྱོང་ཆོས་ལྡན་ཞིང། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པའི། །གནས་དེར་རྣལ་འབྱོར་བརྩམ་པར་བྱ། ། ཞེས་དང། བརྟག་གཉིས་ལས་ཀྱང། ཚལ་དང་སྐྱེ་བོ་མེད་གནས་དང། །བྱང་ཆུབ་སེམས་དཔའི་ཁྱམ་དང་ནི། །དཀྱིལ་འཁོར་ཁང་བའི་ནང་དུ་ཡང། །ཞེས་དང། དུས་འཁོར་ལས་ཀྱང། འཕགས་ཡུལ་བོད་ལི་རྒྱ་གར་དང། །ཀཻ་ལ་ཤ་དང་གངས་ཅན་ ཆེ༑ ༑ཞེས་དང། བདེ་མཆོག་ལས་ཀྱང། བོད་ཀྱི་ཡུལ་དང་དེ་བཞིན་དུ། །མཱ་ལ་ཡ་དང་པུ་ལི་སོགས། །ཞེས་དང། དཔལ་གསང་བ་འདུས་པར་ཡང། ཡང་ཐོག་དང་ནི་མཆོད་རྟེན་སོགས། །ཁྱིམ་དང་ལྷ་ཡི་གནས་རྣམས་སུ། །སངས་རྒྱས་ལ་སོགས་ རབ་གནས་ནི། །ཆོག་དག་དང་ལྡན་པས་བྱ། །ཞེས་གསུངས་པ་ལྟར་གྱི་བོད་ཀྱི་ཡུལ་དང། དེ་ཡང་བཀའ་གདམས་གླེག་བམ་གྱི་མཁའ་འགྲོ་མ་རྣམས་ཀྱི་རྡོ་རྗེའི་གླུར། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་ [005B] །མཚོད་མཱ་མོ་གཡུ་ཡི་མཎྜལ་ཡོད། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །ཅེས་གསུངས་པ་ལྟར་ཁྱད་པར་དུ་ འཕགས་ཤིང། དེའི་ནང་ཚན་མཁའ་འགྲོ་མ་གསང་པ་ཡེ་ཤེས་ཀྱིས། ས་པདྨ་འདབ་བརྒྱད་ཡུལ་གྱི་དབུས། །གནམ་འཁོར་ལོ་རྩིབས་བརྒྱད་ཕུགས་པའི་འོག་ཕྱོགས་བཀྲ་ཤིས་རྟགས་བརྒྱད་ཡོད་པའི་ས། །གནས་ཕུན་སུམ་ཚོགས་པ་དམ་པའི་ཡུལ། ། མི་ཁྱོད་ཀྱི་ཞིང་ཁམས་དམ་པ་ཡིན། །གནས་དེ་རུ་ལས་ཅན་དཔག་མེད་འདུ། །ཞེས་གསུངས་པ་ལྟར་གྱི་བཀྲ་ཤིས་པའི་དགེ་མཚན་དུ་མས་མངོན་པར་སྤུང་པའི་སྐྱིད་ཤོད་དབུས་རུའི་ཆ་དང། དེའི་ཡང་ནང་ཚན་འཇམ་དབྱངས་བླ་མ་ཙོང་ཁ་བ་ཆེན་པོས་ ཆོས་སྡིངས་སུ་དབུ་མ་རྩ་བ་ཤེས་རབ་ཀྱི་རྣམ་བཤད་རིགས་པའི་རྒྱ་མཚོ་ལྗགས་བརྩོམས་སྐབས་ནམ་མཁའ་ནས་གསེར་གྱི་ཡི་གེའི་འཕྲེང་བ་གསལ་བར་གཟིགས་པས་ས་ཆེན་པོ་ལ་སྦྱོང་བའི་སྐྱེ་འགྲོ་ཐམས་ཅད་ཀྱི་ཞིང་ས་ཐེག་ཆེན་གླིང་འདི་ཉིད་ འབྱུང་བར་གསང་བའི་མེ་ལོང་དུ་ལུང་བསྟན་པའི་དོན་བཞིན་པཎ་ཆེན་ཤཱཀྱ་ཡེ་ཤེས་ལ་འདུས་སྡེ་འདི་ཉིད་ཚུགས་ཤིག་པའི་བཀའ་གནང་པ་སྤྱི་བོར་བླངས་ཏེ་ས་ཕག་ལོ་འདེབས་པ་གནང་བའི་བཤད་སྒྲུབ་ཀྱི་སྡེ་ཆེན་པོ་འདིར་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ས་ལ་སྤྱོད་པ་དུ་མ་ཡང་གོད་སྨོས་ཀྱི་གནས་ཕུན་སུམ་ཚོགས་པའི་མཚན་ཉིད་ཀྱང་ལེགས་པར་ཚང། ཆོ་གའི་ཁྱད་པར་ལ་ཡང། སྡོམ་འབྱུང་གུར་སོགས་མ་རྒྱུད་དང། རྡོ་རྗེ་འཕྲེང་བ་སོགས་རྒྱུད་གཞན་འགྲེལ་པ་དང་བཅས་པ་ནས་འབྱུང་བ་དང་ [006A]༄༅། །ཁྱད་པར་དུས་ཞབས་ཆེ་ཆུང་གཉིས་སོགས་དུས་འཁོར་གྱི་རབ་གནས་ཀྱི་རིགས་དང། སྣང་བྱེད་ཟླ་བ་སོགས་ཀྱིས་མཛད་པའི་གསང་འདུས་ཀྱི་རབ་གནས་ཀྱི་རིགས་དང། ཀུན་སྙིང་དང། པྲཛྙཱ་ཝ་ལི་ཏས་མཛད་པའི་རྣལ་འབྱོར་ རྒྱུད་ཀྱི་རབ་གནས་སོགས་འཕགས་ཡུལ་གྱི་རབ་གནས་ཕལ་ཆེ་བའི་དོན་འགྲེལ་བར་ལོ་ཆེན་རིན་ཆེན་བཟང་པོའི་སྡོམ་ཚིག་ཏུ་བྱས་པ་འདི་བོད་གངས་ཅན་གྱི་རབ་གནས་ཐམས་ཅད་ཀྱི་ཕྱི་མོ་ལྟ་བུ་ཡིན་ཅིང། རྗེ་བཙུན་ཆེན་པོ་གྲགས་རྒྱལ་གྱིས་སྡོམ་ ཚིགས་དེའི་འགྲེལ་པ་དོན་གསང་མཛད་ཅིང། བུ་སྟོན་ཐམས་ཅད་མཁྱེན་པའི་རབ་གནས་བཀྲ་ཤིས་རབ་རྒྱས་དང། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཕྱག་ལེན་བཞིན་རྗེ་འདུལ་བ་འཛིན་པའི་རབ་གནས་རྒྱས་འབྲིང་བསྡུས་གསུམ་དང། དབྱངས་ཅན་བཞད་ པ་དགེ་འདུན་རྒྱ་མཚོའི་བཀྲ་ཤིས་སྙེ་མ། པཎ་ཆེན་ཐམས་ཅད་མཁྱེན་པའི་རབ་གནས་དགེ་ལེགས་རྒྱ་མཚོ། རྒྱལ་དབང་ལྔ་པ་ཆེན་པོའི་རབ་གནས་བཀྲ་ཤིས་འབུན་ཕྲག་གསར་ངོམས་སོགས་ཀྱི་དགོངས་པ་གཅིག་པར་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ ནས་རབ་གནས་བགྱིད་པའི་ཕྱག་སྲོལ་ལྟར། དེས་ན་ཁྱེད་ཀྱི་དེད་ལ་གང་གསོལ་པའི། ཞེས་གསུངས་པ་ ལྟར་རབ་ཏུ་གནས་པ་དེ་བདག་ཅག་རྣམས་ཀྱིས་ལེགས་པར་བསྒྲུབ་ཟིན་པའི་སྐུ་གསུང་ཐུགས་རྟེན་གཙུག་ལག་ཁང་དང་བཅས་པ་ལ་སེམས་དང་པས་སྤྱིར་རྒྱུན་དུ་མཆོད་པ་དང་ཁྱད་པར་ཞག་བདུན་པར་དུ་མཆོད་པ་རྒྱུན་མི་འཆད་པར་བྱ་རིགས་ཏེ། དེ་ [006B] གསལ་རྒྱལ་ལ་གདམས་པའི་མདོ་ལས། མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་མགོས་གཏུགས་གུས་ཕྱག་ འཚལ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས། །ཆེར་ཡང་ཆེ་བར་བཀུར་བའི་གནས་སུ་འགྱུར། །ཞེས་དང། དཔའ་བོའི་ཟ་མ་ཏོག་ལྟ་བུའི་གདམས་ལས། མཎྜལ་མེ་ཏོག་བཅས་བྱེད་པ། །འགྲོ་བའི་བདག་པོ་ཚེ་རིང་བཞིན། །སྣ་ཚོགས་ནད་ཀྱི་འཇིགས་ ལས་གྲོལ། །གང་ཡིན་དེ་ཡིས་སྐད་ཅིག་འཐོབ། །ཅེས་དང། སྤྱན་རས་གཟིགས་ཀྱི་མདོ་ལས། དེ་བཞིན་གཤེགས་པ་ལ་སུ་ཞིག་མེ་ཏོག་དང། ཕྲེང་བ་དང། སྤོས་དང། གདུགས་དང། རྒྱལ་མཚན་དང། པ་དན་དང། རོལ་མོའི་སྒྲ་དང། བྱུགས་ པ་རྣམས་ཀྱིས་བསྟི་སྟང་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་རྟོགས་པར་མི་ནུས་ཏེ་དེའི་མཐའ་ནི་ཐེག་པ་གསུམ་པོ་ལས་ཐེག་པ་གང་ཡང་རུང་བའི་མྱ་ངན་ལས་འདས་པའི་མཐར་ཐུག་པ་མ་གཏོགས་པར་བསོད་ནམས་ཀྱི་ཕུང་པོ་དེའི་ཕྱི་མའི་མཐར་ ཡང་ཟད་པར་མི་ནུས་སོ། །ཞེས་གསུངས་པ་སོགས་མཐའ་ཀླས་པའི་ཕྱིར། དེས་ན་དེ་ལྟ་བུའི་མཆོད་པ་འབུལ་དགོས་པའི་མཚོན་བྱེད་དུ་སྤྱིན་བདག་གི་མདུན་དུ་མཆོད་པ་བཤམས་བྱིན་གྱིས་བརླབས་སྟེ་འབུལ་དུ་འཇུག་པའི་ཕྱག་ལེན་གདའ་བས་དེད་རྣམས་ ཀྱིས་མཆོད་པ་བྱིན་གྱིས་རླབས་པ་ན་ཆོ་གའི་ཚིག་རིས་བཞིན་མཆོད་རྫས་རྣམས་བདེ་སྟོང་དབྱེར་མེད་ཀྱི་རང་བཞིན་ཅན་བདེ་བ་ཁྱད་པར་ཅན་བསྐྱེད་པའི་ནུས་ལྡན་དུ་གྱུར་སོང་སྙམ་པ་དང། མཆོད་པ་འབུལ་པའི་ཚེ་དེད་ཅག་གི་སྔགས་ཚིག་གིས་འབུལ་བ་ན་ཁྱེད་ [007A]༄༅། །རང་གིས་དངོས་སུ་ཕུལ་བའི་སྟང་ཀ་བྱས་ཏེ་ཕུལ་བས་མཆོད་ཡུལ་རྣམས་ཀྱི་ཐུགས་རྒྱུད་ལ་ཟག་མེད་ཀྱི་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཆེས་འཕུལ་དུ་བྱུང་བ་སྐྱེས་སོང་སྙམ་པ་གནང་ནས་འབུལ་བར་ཞུ་ཞེས་བརྗོད་ལ་མཆོད་པའི་བྱིན་རླབས་སོགས་ལ་ འཇུག་པར་བྱའོ། །དེ་ལས་སྤྲོས་ཏེ་བྱ་འདོད་ན། སྟོན་པས་ཐུགས་བསྐྱེད་ཚུལ་དང་ཚོགས་བསགས་ཚུལ། སངས་རྒྱས་ཚུལ་དང་ཆོས་འཁོར་བསྐོར་ཚུལ་སོགས་མི་འདྲ་བ་མང་དུ་འབྱུང་བའི་རིམ་པ་དང། ཆོས་ལ་ཡང་མདོ་སྔགས་གཉིས་སུ་མེད་ ཚུལ་མདོ་སྔགས་ལ་མཆོག་དམན་ཡོད་པའི་རྒྱུ་མཚན། སྔགས་གྱི་ཡང་རྒྱུད་སྡེ་འོག་མ་འོག་མ་ལས་གོང་མ་གོང་མ་ཁྱད་པར་འཕགས་ཚུལ་དང། རབ་གནས་ལ་ཡང་སྐུ་གཟུགས་ཀྱི་ཆགས་ཚད་དེ་བསྒྲུབ་ཚུལ། དེ་ནས་ཁྲུས་བྱས་ཏེ་རིང་བསྲེལ་སྙིང་ པོ་ཅན་དུ་བྱ་བ་སོགས་ལོ་ཆེན་གྱི་སྡོམ་ཚིག་ལྟ་བུའི་ཚིག་དྲངས་ཏེ་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་རབ་གནས་བྱ་ཚུལ། ཞི་རྒྱས་ཀྱི་སྦྱིན་སྲེག་དང། ཆོས་སྐྱོང་བསྒོ་ཚུལ་སོགས་ཀྱི་བར་ཡང་བརྗོད་པའི་ཕྱག་སྲོལ་ཡོད་པ་ལྟར་བྱས་པས་ཆོག་གོ་ཐ་མ་ལ་ དངོས་པོ་རབ་གནས་གསེར་འགྱུར་རྩིས། །ཕན་བདེའི་ཞིང་ས་མཆོག་ཏུ་བསྒྱུར་བྱེད་པའི། །སྐྱེ་དགུའི་རེ་སྐོང་དབག་བསམ་ལྗོན་པ་ཆེ། །བཀྲ་ཤིས་བྱེ་བའི་གཟི་འོད་འདི་སྤྲོས་པའི། །དགེ་བ་ཁ་བའི་རྡུལ་བརྩེགས་ལྷུན་པོ་ཡིས། །སྲིད་འདིའི་ཉོན་མོངས་ཚ་ གདུངས་རབ་བསིལ་ཏེ། །ཟག་མེད་བདེ་བའི་ཁ་ཟས་རོ་བརྒྱ་པར། །ལོངས་སུ་སྤྱོད་པའི་སྐལ་བཟང་ཐོབ་པར་ཤོག་འདིས་ཀྱང་བློ་བཟང་གྲགས་སྙན་བསྟན་པའི་གདུགས། །སྲིད་རྩེའི་ཡུལ་སར་བསྒྲེང་བའི་གྲིབ་བསིལ་ལ། །མཐའ་ཡས་འགྲོ་བས་ [007B] །སྐུ་གསུམ་རྫོགས་ལྡན་དཔལ་ལ་སྤྱོད་པར་ཤོག་བདག་ཀྱང་བློ་བཟང་རྒྱལ་བསྟན་རྒྱ་མཚོ་ཆེ། །ཐོས་བསམ་སྒོམ་པའི་རྫིང་གིས་ལེགས་བརྒལ་ཏེ། །སྐུ་གསུམ་འདོད་པ་འཇོ་བའི་ཡིད་བཞིན་དབང། །ཕུལ་བྱུང་དགའ་བདེའི་ དཔལ་ལ་སྤྱོད་པར་ཤོག་ཅེས་བཀྲ་ཤིས་བྱེ་བའི་གཟི་འོད་ཕྱོགས་བརྒྱར་འབར་བ་འདི་ནི་གྱིན་བ་ཞིག་གིས་ཅི་ཐོན་ཐོན་དུ་སྨྲས་པའོ། །མང་ལཾ་